བདག་གི་འབད་བརྩོན། རྩོམ་པ་པོ། རྒན་གུར་མགོན་སྐྱབས།

Tuesday, May 3, 2016


སྔོན་མ་ཧི་ཐི་ལེ་ཡིས་བྲིས་པའི་དེབ་ཅིག་སྟེ《བདག་གི་འབད་བརྩོན》ཟེར་བར་ཡང་ཡང་བལྟས་མྱོང་། ཕྱིས་སུ་དེབ་དེ་ལ་རྫུན་ཚིག་མང་དུ་བསྲེས་འདུག་ཅེས་ལོ་རྒྱུས་མཁས་པ་དག་གི་གླེང་གཞི་ལས་ཐོས། དེ་ལྟ་ནའང་། དེབ་དེའི་ཁ་བྱང་གིས་ང་རང་ལ་དྲི་བ་གཅིག་ཁོ་ན་རྒྱུན་མར་དྲིས་ཤིང་འོང་སྟེ། ལྷག་པར་མི་ཚེའི་ལོ་རིམ་བཞི་བཅུའི་ཐེམ་པ་བརྒལ་བའི་ཚེ་ནའོ།།


ཁྱོད་ཀྱི“བདག་གི་འབད་བརྩོན”ནི་ཅི་ཞིག་ལགས།
ལ་ལས་ངས་ཐོས་པ་མང་དུ་བྱས། རྡོ་རུས་ཐུག་པར་བྱས་ཟེར་ངེས། ཡང་ལ་ལས་ཕ་མ་ལ་བསྙེན་བཀུར་དང་བུ་ཕྲུག་བྱམས་པས་བསྐྱངས། མིས་ངོར་འཕྱ་བ་དང་ཟུར་གྱིས་རྒོད་པ་གཉིས་ཀ་གང་ཡང་མ་བྱུང་བ་ཞིག་བྱས། ད་ནི་འབྱོར་འཁོས་དང་བུ་རབས་ཚ་རྒྱུད་གང་གིས་ཀྱང་མ་ཕོངས་པར་ཡོད་པ་འདི་ཡིན་ཟེར་སྲིད། ཡང་ལ་ལས་དབྱར་བལ་བོར་བསླན། དགུན་ཁྲིན་ཏུར་བརྟོལ། སྨད་ཀྱི་རྒྱ་ཇ་དྲངས། སྟོད་ཀྱི་ཟངས་ཅ་སྐྱེལ། ཟོང་སྒྲུབ་ཀྱི་ཞོར་ལ་དགེ་སྒྲུབ་དང་གནས་མཇལ་ཀྱང་འཐུས་མ་ཤོར་བྱས་ཟེར་སྲིད། ཡང་ལ་ལས་གཞོན་པའི་དུས་ནས་གཞུང་ཞབས་ལ་ཞུགས། ད་ནི་དཔོན་གནས་ཀྱང་གང་ལ་གང་འཚམ་ཐོབ། ཡོང་འབབ་ཀྱང་ཕྲ་ལ་ཕྲན་བུ་ཡོད་ཟེར་ངེས། ཡང་ལ་ལས​… …
དོན་དུ་དེ་དག“བདག་གི་འབད་བརྩོན”ཡིན་ནམ།

ཐོས་པ་མང་དུ་བྱས་པས་རང་ཉིད་མཁས་པར་སོང་བ་ཙམ་ཡིན། ཁྱིམ་སྲིད་ལེགས་པར་བསྐྱངས་པས་མི་རྒྱུད་འཕན་དར་ཞིང་མིག་ལ་འགྲོ་བ་ཙམ་ཡིན། ཟོང་འདྲེན་ཉོ་སྒྲུབ་ཀྱི་སྟོབས་ནི་རང་ཉིད་ལ་རྒྱུ་འབྱོར་འཛོམས་པ་ཙམ་གྱིས་མངོན། དབང་དང་གོ་ས་ཐོབ་པས་བཀུར་སྟི་ཟོལ་སྦྱོར་རྙེད་པ་ཙམ་ལས་མ་འདས།

“བདག་གི་འབད་བརྩོན”གྱིས་བདག་ཉིད་ལ་ཁེ་གྲགས་ཐོབ་པར་འགྱུར་བ་ནི་བསྙོན་མེད་ཡིན་མོད། ཁེ་དང་གྲགས་པ་གང་དེ་ཡང་བདག་ཁོ་ནར་འཁྲི་བ་ཙམ་ཞིག་ཡིན་ན། དེ་ཡང་དོན་ཡོད་པར་མ་མཐོང་སྟེ། གཞན་ལ་ཤན་གང་ཡང་མ་བྱུང་མི་འབྱུང་བས་སོ།། ཟུར་ཟའི་ཉམས་དང་ལྡན་པ་ནི་དེང་གི་རྒྱ་བླ་དག་ཡིན་ཏེ། ཁོང་ཚོས་རང་གི་བློ་རིག་ལ་བརྟེན་ནས་ནང་བསྟན་ལ“གདུལ་བྱའི”ངོར་འཚམ་པའི་འགྲེལ་བཤད་བགྱིས་ཤིང་། “གདུལ་བྱའི”བློ་ནི་རང་གི་བྲན་དུ་བྱས། དཔལ་འབྱོར་གྱི་འདུ་འགོད་ནི་ལང་ལོང་སྤྲིན་བཞིན་གཏིབས། ཕྱིར་བོད་ལ་ལན་རེ་གཉིས་འོངས་ཏེ་སྦྱིན་པ་དང་འཛུགས་སྐྲུན་ཀྱང་མོད་མི་དམའ་བ་བགྱིས། དེ་ཙ་ན་སྤྲུལ་སྐུ“ངོ་མ”དག་ཀྱང་འདུག་བཟོད་མི་བདེ་བར་བྱས་ཏེ་རྒྱ་བླ་ཞེས་སྡིགས་བཞིན་རང་ཉིད་ཀྱང་ལོང་བ་གླང་མཇུག་གི་ཚུལ་དུ་རྒྱ་ནང་ལ་འཕྱན་དགོས་པར་སོང་ངོ་།། དེ་བཞིན་དེ་དག་གི་ཆོས་འཆད་པའི་ངང་ཚུལ་ལ་བསམ་ནས་དགེ་བཤེས་ལྷ་རམས་པ་དག་གིས་ཀྱང་མིག་ལྟོས་དེ་ལ་བྱས་ཤིང་། འབད་བརྩོན་དེ་ལ་བགྱིས་ཏེ་རང་ཉིད་ཀྱི་སྟོད་འགག་སེར་པོ་དེ་སྟོད་རྒྱ་གར་ནས་མནབས་ཏེ་སྨད་རྒྱ་ནག་ནས་ངོམ་མོ།། དེ་བས་འབད་བརྩོན་གང་བྱས་གཞན་ལ་ཤན་འབྱུང་བ་ཞིག་དགོས་ཟེར་ན། རྒྱ་བླ་དག་གི་ཤན་ནི་ཅི་བས་ཆེ་བ་ལ་ཨང་།

སྐུ་དྲག་གི་བུ་ཕྲུག་དག་གིས་འབད་བརྩོན་མ་བྱས་ཀྱང་སྐུ་དྲག་རྙེད་པར་འགྱུར་ལ། སྤྲུལ་སྐུས་བུ་ཕྲུག་དག་གིས་འབད་བརྩོན་ཅུང་ཟད་ཀྱང་མེད་པར་སྤྲུལ་སྐུ་འཐོབ་པར་འགྱུར་བ་ཇི་ལྟ་བ་བཞིན། ཞིང་པའི་བུས་འབད་བརྩོན་མ་བྱས་ཀྱང་གཤོལ་མགོ་གཞོལ་མེད་ཀྱིས་ལག་ཏུ་འབྱོར་བར་འགྱུར་ཞིང་། སྤྲང་བོའི་བུས་ནི་འབད་བརྩོན་མ་བྱས་ཀྱང་སྤྲང་བོ་ནག་ནག་ཏུ་འགྱུར་བ་ལ་བསམ་ན། སྐབས་རེར་འབད་བརྩོན་བྱས་དང་མ་བྱས་པ་ལ་ཁྱད་མི་འདུག་ཀྱང་སྙམ་སྟེ། དེ་ལ་འགྲེལ་བཤད་གཅིག་ཡོད་པ་ནི་བདག་དང་ཁྱེད་ལ་འབྲེལ་བ་མེད་དེ་བསོད་ནམས་ཡིན་ཟེར་དགོས་སམ།

འབད་བརྩོན་ཟེར་བ་དེ་སྒེར་དོན་མ་ཐེ་ཞིང་སྒེར་སེམས་མ་འདུས་པའི་ངོས་ནས་གླེང་ན་དོན་སྙིང་ངེས་ཅན་ཞིག་ཡོད་དེ། མི་རིགས་ཀྱི་ངོས་ནས་འབད་བརྩོན་གླེང་དགོས་ཚེ། གལ་ལ་ཐུག་ན་འབད་བརྩོན་བྱེད་མཁན་གྱི་གདོང་དུ་ཀུན་གྱིས་གྲྭ་པ་གཉོམ་ཆུང་ཚོ་དང་དགེ་རྒན་ཚོ་འདེད་སྲིད་དེ། དེ་དག་གི་ནང་ནས་ཀྱང་བོད་ཡིག་དགེ་རྒན་ཚོ་ཡིན།(གློ་བུར་ཐོལ་གྱིས་འབྱུང་བའི་མྱི་ཆེན་དག་འདིར་མ་སྨྲས) མདོ་སྨད་ལ་མཚོན་ན་སློབ་འབྲིང་ཡན་གྱི་བོད་ཡིག་དགེ་རྒན་ཕལ་ཆེར་ཁོ་བོས་ངོ་ཤེས་པ་ལགས་ཏེ། གྲངས་ཀ་ནི་དེ་ཙམ་ལས་མེད། གྲངས་ཀ་དེ་ཙམ་གྱི་དགེ་རྒན་དག་གི་འབད་བརྩོན་ལ་བརྟེན་ནས་མི་རིགས་ཤིག་ལེགས་ལམ་དུ་བགྲོད་པ་ནུས་སམ་ཞེ་ན། ལན་ནི་དགོས་མེད་དོ།།

འོན་ཀྱང་། ངེད་རང་བོད་ཡིག་དགེ་རྒན་ཞིག་ཡིན་པའི་ཆ་ནས་རང་ལ་འབད་བརྩོན་གྱི་གྲུབ་འབྲས་མེད་ཀྱང་འབད་བརྩོན་གྱི་ཁ་ཕྱོགས་ཤིག་ངེས་པར་ཡོད་དེ། དེ་ནི་དཔེ་དེབ་ལ་མོས་ཤིང་མངོན་ཆུང་གིས་སྡོད་པ། དྲང་ཚུགས་དང་བརྟན་ཚུགས་མ་འཆོལ་བ། རྒྱུ་འབྱོར་ལོངས་སྤྱོད་ལ་ཞེན་མ་ཐལ་བ། ཧམ་པ་དང་སྙན་གྲགས་ཀྱི་དབང་དུ་མ་སོང་བ། རང་དབང་དང་དམངས་གཙོའི་ལྟ་གྲུབ་ལ་དགའ་བ། གཞན་དོན་(རང་གི་སློབ་མར་སློབ་ཁྲིད)ཞེ་དང་རང་དོན་ཞར་ལ་འཇོག་པ་རྣམས་ཡིན་ཏེ། བསྡུས་ན་ཀུན་སྤྱོད་ཀྱིས་སློབ་མར་ཤན་ཐེབས་པ་དང་སློབ་ཁྲིད་ཆ་འཕྲིན་ཀྱིས་སློབ་མའི་བློ་སྒོ་འབྱེད་ནུས་པ་དེའོ།། སྐད་ཆ་འདི་སྐད་སྨྲ་དུས་སེམས་ཁྲལ་ཆེན་པོ་ཞིག་ངང་གིས་འབྱུང་སྟེ། དོན་དམ་པར་རང་གི་ལག་ལེན་དང་རྒྱུན་གྱི་འཚོ་བའི་ཁྲོད་ན་སྐབས་དང་སྐབས་སུ་འཐུས་ཤོར་མང་དུ་འབྱུང་བཞིན་པས་སོ།།

གཉན་འཕྲང་གི་སྐབས་ལ་ཡང“བདག་གི་འབད་བརྩོན”ཟེར་བའི་ཁ་ཕྱོགས་ཤིག་ངེས་པར་ཡོད་དགོས་ཤིང་། རྒྱུན་མ་བཏང་ན་སྒེར་གྱི་འབད་བརྩོན་དེ་ལ་བརྟེན་ནས་ཐུན་མོང་གི་དམིགས་པ་འགྲུབ་པའི་རེ་བ་ཡོད་དམ་སྙམ།དེ་ལས་གཞན་ང་ཚོར་ཅི་ཡང་མེད། འབད་བརྩོན་ལས་གཞན་རང་ཅག་གིས་ཅི་ཡང་མི་ནུས།

བཙན་པོ་དྲ་བ་ལས།