བོད་ལུགས་གསོ་རིག་གི་སྤྱི་ཁོག་བཤད་པ།

Monday, June 6, 2016

དང་བོ། གླེང་གཞི་བཤད་པ།

དེ་ཡང་རྒྱ་ལུགས་གསོ་རིག་དང་ཕྱི་གླིང་གསོ་རིག།བོད་ལུགས་གསོ་རིག་ལ་སོགས་པའི་རིག་པའི་གཞུང་ལུགས་ཚང་མ་རང་རང་གི་འབྱུང་སའི་ཁོར་ཡུག་མི་གཅིག་པའི་རྐྱེན་གྱིས་དེ་དག་གི་ཁྱད་ཆོས་དང་གནས་བབ།དགོངས་དོན།སྤྱི་ཁོག་སོགས་ཀྱང་གཅིག་པ་མ་ཡིན།རང་རེའི་བོད་ལུགས་གསོ་རིག་ནི་འཛམ་གླིང་གི་ས་མཐོའི་ཡུལ་གྲུ་དང་མཐུན་པའི་གསོ་བྱེད་ཀྱི་རིག་པའི་གཞུང་ལུགས་ཤིག་ཡིན་ལ།དེ་ནི་རླུང་མཁྲིས་བད་ཀན་བད་ཀན་གྱིས་སྤྱི་ཁོག་བྱས་ཤིང་འབྱུང་བ་རིག་པའི་རྣམ་བཤད་གཙོ་བོར་བཟུང་ནས་འཕེལ་ཟད་འཁྲུགས་གསུམ་གྱི་རྣམ་བཞག་གསལ་བོར་སྟོན་པའི་མིའི་རིགས་ཀྱི་རིག་གཞུང་གི་མ་ལག་རྩ་ཆེན་ཞིག་ཡིན་པ་མ་ཟད།མ་ལག་ཆ་ཚང་ཞིང་ཞིབ་འཇུག་གི་རིན་ཐང་ཡོད་པའི་གཞུང་ལུགས་ཀྱི་གྲུབ་ཆ་གལ་ཆེ་ཞིག་ཀྱང་ཡིན་ནོ།




འཛམ་གླིང་གི་ས་མཐོའི་ཡུལ་འདི་ལ་རང་བྱུང་གི་གསོ་རླུང་ཉུང་བའི་དབང་གིས་ཁྲག་རླུང་དང་གཅིན་སྙི།ཁྲག་འཕེལ།བད་ཁྲག།བད་རླུང་ལ་སོགས་པའི་དལ་བའི་རང་བཞིན་ཅན་གྱི་ནད་རིགས་མང་པོ་ཞིག་འབྱུང་བཞིན་ཡོད་ལ་ནད་རིགས་དེ་དག་ལ་བོད་སྨན་མ་གཏོགས་ཕྱི་ལུགས་ལུགས་གསོ་རིག་གི་སྨན་གནད་དུ་མི་འགྲོ་བ་དང་ཁྱད་པར་དུ་ཁྲག་གཏར་བ་མེ་འཇོག་པ།སྦྱོངས་གཏོང་བ་ལ་སོགས་པའི་ཐུན་མོང་མ་ཡིན་པའི་ཕྱག་ལེན་འདི་དག་གི་གསོ་བྱེད་གཞན་གྱིས་བཅོས་མི་ཐུབ་པའི་ནད་རིགས་མང་པོ་ཞིག་བཅོས་ནས་སངས་དྲག་ཡོང་བ་བྱེད་ཐུབ།དེ་བས་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་བོད་ལུགས་ཀྱི་དགོངས་དོན་ལ་ཧ་ལས་ནས་ཞིབ་འཇུག་དང་སློབ་སྦྱོང་བྱེད་བཞིན་ཡོད་ལ། རླུང་དང་མཁྲིས་པ།བད་ཀན་གསུམ་ལ་ཉེས་པ་ཟེར་བ་དང་དེ་གསུམ་ལ་ཉེས་པ་ཞེས་བརྗོད་དགོས་དོན་ནི་དེ་གསུམ་གྱིས་ལུས་ཟུངས་གནོད་ཀྱང་མ་རུང་བ་སྡུག་པའི་ལས་བྱེད་པའི་ཆ་ནས་ཉེས་བ་ཞེས་བྱེད་ནུས་ཀྱི་སྒོ་ནས་བཏགས་པ་ཡིན་ལ་ཉེས་དང་ནད་གཞི།འདུ་བ།ཉེ་རྒྱུ།ནད་རྒྱུ་རྣམས་དོན་གཅིག་པ་ཡིན་ཏེ་བཤད་རྒྱུད་ཀྱི་འཕེལ་འགྲིབ་ནད་ཀྱི་སྐབས་སུ་ཉེ་རྒྱུ་དང་ངོས་བཟུང་རྟགས་ཀྱི་སྐབས་སུ་ནད་གཞི་དང་མན་རྒྱུད་ཀྱི་ཉེས་གསུམ་གསོ་བ་ལས་ཉེས་པའམ་ནད་རྒྱུ་དང་རྩ་རྒྱུད་དང་སྨུག་པོའི་སྐབས་སུ་འདུ་བ་སོགས་སུ་གསུངས་ཡོད།ཉེས་པ་རླུང་མཁྲིས་བད་གསུམ་ནི་ཁྲག་རྩའི་བརྒྱུད་ལམ་དང་འདྲ་བར་བོད་ལུགས་གསོ་རིག་གི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་ལ།དེ་གསུམ་ཡག་པོ་ཞིག་མ་ངེས་ན་བོད་ལུགས་གསོ་རིག་ལ་ཞིབ་འཇུག་བྱེད་ཆ་རྐྱེན་མི་ཚང་བའོ།དེ་གསུམ་ཐ་མལ་པའི་སྐབས་སུ་ནད་རྒྱུ་རུ་བྱས་ནས་ལུས་སེམས་བདེ་ཞིང་སྐྱིད་པ་དང་ལུས་ངག་གི་བྱ་ལས་རྣམས་ཚུལ་བཞིན་དུ་འཇུག་པར་བྱེད་པ་དང་དེ་གསུམ་གང་རུང་ཞིག་རྣམ་པར་གྱུར་ཚེ་ལུས་སེམས་ན་ཞིང་སྡུག་བསྔལ་སྣ་ཚོགས་པ་རྣམས་འབྱུང་བ་ཡིན།འདིར་རླུང་མཁྲིས་བད་གསུམ་གྱི་རྣམ་བཞག་ཅུང་ཙམ་བཤད་པར་བྱའོ།།

གཉིས་པ། རླུང་བཤད་པ།

རླུང་ལ་ཕྱི་ནང་གཉིས་ཕྱེས་བའི་ཕྱིའི་རླུང་ནི་ཡང་གཡོའི་མཚན་ཉིད་ལྡན་པའི་ཕྱི་རོལ་གྱི་འབྱུང་བའི་རླུང་དེ་ཡིན་ལ།དེ་ཉིད་ནང་ཉེས་པའི་རླུང་གི་དངོས་རྒྱུ་རུ་བྱས་པ་དང་ནང་གི་རླུང་ནི་མིའི་ལུས་ཁམས་སུ་རྒྱུ་བའི་ཉེས་པ་འཁྲུགས་པའི་རླུང་དེ་ཡིན་ལ།དེ་ནི་ཕྱིའི་འབྱུང་བའི་རླུང་གི་འབྲས་བུ་རུ་གྲགས་པ་དང་དོན་གློ་བས་འབྱིན་རྔུབ་ཀྱིས་བྱེད་ལས་ལ་བརྟེན་ནས་ཕྱིའི་འབྱུང་བའི་རླུང་ཁམས་ཀྱི་དྭངས་མ་རྣམས་སྡུད་ལེན་བྱས་པ་ལས་ནང་ཉེས་བའི་རླུང་བྱུང་བ་ཞིག་ཡིན་ལ།དེ་ལའང་རྣམ་པར་མ་གྱུར་པའི་རླུང་དང་རྣམ་འགྱུར་གྱི་རླུང་གཉིས་སུ་དབྱེ་བ་ལས་སྔ་མ་ནི་ཐ་མལ་བའི་མཚན་ཉིད་ཟུར་དྲུག་དང་ལྡན་པའི་རླུང་དེ་ཡིན་པ་དང་དེས་དབུགས་འབྱིན་རྔུབ་དང་ལུས་ཀྱི་འགྲོ་འདུག་དང་འགུལ་སྐྱོད་དང་ལས་སྣ་ཚོགས་བྱེད་པ།ལུས་ཤུགས།ཁ་ཟས་བཟའ་བ།བཤང་གཅིན་གཏོང་བ།ལུད་པ་འབྱིན་པ།མིག་ལ་སོགས་པའི་དབང་བོ་གསལ་བར་བྱེད་པ།མིག་འབྱེད་འཛུམ་དང་ལྕེ་ཡི་གཉེན་ལྡེམ་དང་བུ་གའི་འབྱེད་འཛུམ་ལ་སོགས་པའི་བྱ་བ་མང་བོ་ཞིག་བྱེད་བཞིན་ཡོད་པ་དང་དེ་ཉིད་གཙོ་བོ་མིའི་ལུས་ཁམས་ཀྱི་དཔྱི་རྐེད་ལ་བརྟེན་ཞིང་སྟོད་སྨད་བར་གསུམ་གྱི་སྨད་ན་གནས་པ།དབྱེ་བ་སྲོག་འཛིན་དང་གྱེན་རྒྱུ།ཁྱབ་བྱེད།མེ་མཉམ།ཐུར་སེལ་བཅས་ལྔ་རུ་བྱས་པ་དང་དེ་དག་ཀྱང་དགོས་དབང་གིས་གནས་ས་གཅིག་གྱུར་མིན་ལ་བྱེད་ལས་ཀྱང་ཐ་དད་ཡིན།ཁྱད་པར་དུ་སྲོག་འཛིན་གྱི་རླུང་དེ་སྤྱི་བོ་སྟེ་ཀླད་པར་གནས་ཤིང་གྲེ་བ་དང་བྲང་གཞུང་བརྒྱུད་ནས་ཟས་སྐོམ་མིད་པ་དང་དབུགས་ཀྱི་འབྱིན་རྔུབ།མཆིལ་མ་འདོར་བ།སྦྲིད་པ་འབྱིན་པ།སྒྲེག་པ་འབྱུང་བ།བློ་དང་དབང་བོ་གསལ་བ།ཡིད་ལ་འཛིན་པར་བྱེད་པ་ལ་སོགས་པའི་ལས་རྣམས་བྱེད་པ་དང་གྱེན་རྒྱུ་རླུང་ནི་བྲང་གཞུང་དུ་གནས་ཤིང་སྣ་དང་ལྕེ་ལྐོགས་མ་ལ་སོགས་བརྒྱུད་ནས་སྐད་ཆའི་ཚིག་དང་སྒྲ་རྣམས་ཐོན་པ་དང་ལུས་ཀྱི་སྟོབས་དང་མདངས་ཁ་དོག་འབད་རྩོལ་དྲན་པ་ལ་སོགས་པ་གསལ་བར་བྱེད་པའི་ལས་དག་བྱེད་ཀྱི་ཡོད་པ་དང་ཁྱབ་བྱེད་རླུང་ནི་སྙིང་ལ་གནས་ཅིང་ལུས་ཀུན་ཁྱབ་པར་མེད་པར་རྒྱུ་བ་དང་དེས་རྐང་ལག་གི་འདེགས་འཇོག་དང་འགྲོ་འདུག་དང་བརྐྱང་བསྐུམ།བུ་གའི་འབྱེད་འཛུམ་ལ་སོགས་པའི་བྱ་ལས་སྣ་ཚོགས་བྱེད་བཞིན་ཡོད་པ་དང་མེ་མཉམ་རླུང་ནི་ཕོ་བ་ལ་གནས་ཅིང་ནང་ཁྲོལ་ཀུན་དུ་རྒྱུ་བ་དང་དེས་ཁ་ཟས་འཇུ་བ་དང་དྭངས་སྙིགས་སོ་སོར་བྱེད་པ་དང་གནོད་བྱ་རྣམས་རང་རང་གི་གནས་སུ་སྨིན་པར་བྱེད་པའི་ལས་རྣམས་བྱེད་བཞིན་ཡོད་པ་དང་ཐུར་སེལ་རླུང་ནི་གཞང་ལ་གནས་ཅིང་ལོང་དང་ལྒང་བ་གསང་བ་བརླ་ནང་བཅས་སུ་རྒྱུ་ནས་ཁུ་ཁྲག་དང་བཤང་གཅི་ལ་སོགས་མངལ་ནས་ཕྱིར་འབྱིན་པའམ་ཡང་ན་སྡོམ་པའི་ལས་དག་བྱེད་བཞིད་ཡོད་པ་རེད།དེ་ཉིད་རང་གི་གནས་ལས་ལངས་ནས་མཁྲིས་བ་དང་བད་ཀན་གྱི་གནས་སུ་ཞུགས་པའང་ཡང་ན་འཕེལ་ཟད་འཁྲུགས་གསུམ་གང་རུང་དུ་གྱུར་ཚེ་ནད་ཀུན་འཁྲུགས་པའི་རྒྱུ་རུ་འགྱུར་བའམ་ཡང་ན་ནད་རྣམས་ཀྱི་སྣ་འདྲེན་མཁན་དང་མཇུག་སྡུས་ནས་འཆི་བར་བྱེད་མཁན་དང་ནད་གནས་གཅིག་ཏུ་མི་སྡོད་པར་ཕྱོགས་ཕྱོགས་སུ་ཐོར་བར་བྱེད་མཁན་ཡང་ཡིན་ལ།དེ་རང་བཞིན་སྡུག་ཅིང་མཁྲིས་བ་དང་བད་ཀན་ལས་ནད་སྣ་མང་བ་དང་ངོ་བོ་རྩུབ་པའི་ཕྱིར་ན་ཐོག་མར་རླུང་གི་ནད་ཅེས་ཐོག་མར་བསྟན་པ་ཡིན།དེ་རྒྱུ་ནི་མ་རིག་པ་ལས་བྱུང་བའི་འདོད་ཆགས་ཀྱིས་སྐྱེད་པའི་ཐ་མལ་བའི་མཚན་ཉིད་དྲུག་དང་ལྡན་པ་དེ་ལ་རྐྱེན་ཁ་ཟས་རོ་ཁ་བ་དང་ཡང་རྩུབ་སོགས་བསྟེན་དྲགས་པ་དང་ལྟོ་སྟོང་བ་ལ་ལུས་ངག་གི་བྱ་བ་དྲག་ཤུལ་བྱས་པ་དང་ཁྲག་མང་པོ་ཟགས་པ།མང་པོ་འཁྲུལ་བ་དང་སྐྱུགས་པ།བསེར་བུ་བུས་པ་དང་ཡིད་ཐང་ཆད་དུ་ངུས་པ།མྱ་ངན་མང་པོ་བྱས་པ།སེམས་ལས་མང་བ།བཅུད་མེད་པའི་ཁ་ཟས་ཡུན་རིང་དུ་བསྟན་པ་དང་བཤང་གཅི་སོགས་ཀྱི་ཤུགས་བཀག་པའམ་མནན་གྱིས་བཙིར་བ་ལ་སོགས་ཀྱིས་རླུང་གི་ནད་སློང་བར་བྱེད་པ་དང་དེ་ལྟ་བུའི་རླུང་དེ་ལ་སྤྱི་དང་བྱེ་གཉིས་སུ་དབྱེ་བ་ལས་སྔ་མ་དེ་ལ་ཡང་རིགས་གནས་གཉིས་བྱས་ནས་རིགས་ལ་ཉི་ཤུ་དང་གནས་ལ་ཉེར་བརྒྱད་དང་བྱེ་བྲག་གི་བཅོ་ལྔ་བཅས་རླུང་ནད་དྲུག་ཅུ་རེ་གསུམ་དུ་བཤད་པ་ཡིན།རྩ་རྒྱུད་གྱི་གླེང་གཞི་དུ་རླུང་ནད་ལ་དབྱེ་བ་བརྒྱ་རྩ་གཅིག་ཏུ་གསུངས་པ་དང་དགོས་འདོད་ཀུན་འབྱུང་དུ་དེ་གཅིག་པར་གསུངས་ཡོད་པ་སོགས་མདོར་ན་ནད་རིགས་བཞི་རྩ་བཞི་ལས་བརྒྱ་རྩ་གཅིག་ནི་རླུང་གི་ནད་དང་བརྒྱ་རྩ་གཅིག་ནི་མཁྲིས་ནད།བརྒྱ་རྩ་གཅིག་ནི་བད་ཀན་གྱི་ནད།བརྒྱ་རྩ་གཅིག་ལྡན་འདུས་ཀྱི་ནད་ཡིན།དེ་ལྟར་ནད་རིགས་བཞི་བརྒྱ་རྩ་བཞི་ཡང་རྩ་བ་རླུང་མཁྲིས་བད་འདུས་བཞི་ལ་ཐུགས་ཡོད་པས་ན་རླུང་མཁྲིས་བད་གསུམ་སོགས་ཞིབ་ཕྲ་མ་ངེས་ན་སྨན་དཔྱད་གནད་དུ་མི་འགྲོ་བ་དང་ལྷག་པར་དུ་ཉེས་པ་རླུང་ནི་ཚ་གྲང་གཉིས་ཀ་ལ་ཟུང་དུ་འཇུག་པ་དང་མཁྲིས་ཚད་འབུས་པ་དང་བད་ཀན་དང་གྲང་བའི་ནད་འཁྱགས་པར་བྱེད་པ།དམུ་ཆུ་དང་འོར་སྐྱ་རྦབ་ལ་སོགས་པའི་ནད་རྣམས་གཡོ་བར་བྱེད་པ།སྐྲན་ནད་རྣམས་ཕྱོགས་གཅིག་ཏུ་འདྲིལ་བར་བྱེད་པ།བསགས་པ་དང་བྱེར་བའི་ནད་ཀུན་གྱི་སྣ་ནས་འདྲེན་པ།ཚད་གཞུག་འབུད་མཁན་དང་ཐོར་བུ་ནད་ལ་སོགས་པའང་རླུང་གིས་ལས་བྱེད་པ་ཡིན་པའི་རྒྱུ་མཚན་གྱིས་ནད་རིགས་གང་ཞིག་དང་ནད་གཞི་གང་འདྲར་བཅོས་ཀྱང་རླུང་ནད་ལ་བྱ་ར་སྒྲིམས་དགོས་པ་ཞིག་ཀྱང་ཡིན།

གསུམ་པ། མཁྲིས་པ་བཤད་པ།

མཁྲིས་པ་ཞེས་པ་ནི་མིའི་ལུས་ཁམས་ཀྱི་དྲོད་ཀྱི་ཆ་ཐམས་ཅད་ལ་ཟེར་བ་དང་དེ་ནི་ཕྱིའི་འབྱུང་བ་མེ་ཡི་འབྲས་བུ་གྲགས་པ་དང་དོན་མཆིན་པས་ཕྱིའི་འབྱུང་བ་མེ་ཡི་དྭངས་མ་རྣམས་སྡུད་ལེན་བྱས་པ་ལས་བྱུང་བ་ཞིག་ཡིན་ལ་དེ་ཡི་སྙིགས་མ་སྣོད་མཁྲིས་ལ་བསགས་ནས་ཟས་འཇུ་བ་དང་ཟས་དྲོད་ཀྱི་ཆ་རྣམས་འཛིན་བཞིན་ཡོད།དེ་ཉིད་གཙོ་བོ་མཆིན་མཁྲིས་ལ་བརྟེན་ནས་ལུས་ཀྱི་སྟོད་སྨད་བར་གསུམ་གྱི་བར་ན་གནས་པ་དང་དེ་ཡང་རྣམ་པ་མ་གྱུར་གྱི་མཁྲིས་པ་དང་རྣམ་འགྱུར་གྱི་མཁྲིས་པ་གཉིས་སུ་དབྱེ་བ་ལས་སྔ་མ་རྣམ་པར་མ་གྱུར་མཁྲིས་པ་ནི་སྣུམ་པ་དང་རྣོ་བ།ཚ་བ།ཡང་བ།དྲི་མནམ་པ།འཁྲུ་བ།བཤེར་བ་ལ་སོགས་པའི་མཚན་ཉིད་བདུན་དང་ལྡན་པ་དེ་ཡིན་ལ་དེས་ཕོ་བ་ལྟོགས་པ་དང་ཁ་སྐོམ་པ།ཟས་འཇུ་བ།ལུས་ཁམས་ལ་དྲོད་སྐྱེད་པ་དང་གཟི་མདངས་གསལ་བར་བྱེད་པ།སྙིང་སྟོབས་སྐྱེད་པ།བློ་རིག་ལྡན་པ་ལ་སོགས་ཀྱི་ལས་རྣམས་བྱེད་བཞིན་ཡོད་པ་དང།དེ་ལའང་འཇུ་བྱེད་མཁྲིས་པ་དང་མདངས་སྒྱུར་མཁྲིས་པ།སྒྲུབ་བྱེད་མཁྲིས་བ།མཐོང་བྱེད་མཁྲིས་པ།མདོག་གསལ་མཁྲིས་པ་བཅས་ལྔ་རུ་དབྱེ་བ་དང་དེ་དག་ཀྱང་རང་རང་སྡོད་སའི་གནས་མི་གཅིག་ལ་བྱ་བ་བྱེད་ཚུལ་ཡང་ཁ་ཁ་ཡིན་པ་རེད།ཁྱད་པར་དུ་འཇུ་བྱེད་མཁྲིས་བ་ནི་ཞུ་མ་ཞུ་བར་སྟེ་གཙོ་བོར་རྒྱུ་མ་ལ་གནས་པ་དང་དེས་ཟས་འཇུ་བ་དང་དྭངས་སྙིགས་སོ་སོར་འབྱེད་པ།ལུས་ཀྱི་དྲོད་སྐྱེད་པ།ལྷག་མ་མདངས་སྒྱུར་མཁྲིས་པ་དང་སྒྲུབ་བྱེད།མཐོང་བྱེད།མདོག་གསལ་བཞི་ལ་ལས་རོགས་བྱེད་པ་ལ་སོགས་པའི་ལས་དག་བྱེད་བཞིན་ཡོད་པ་དང་།མདངས་སྒྱུར་ནི་མཆིན་པར་གནས་ནས་དྭངས་མ་ལ་སོགས་པའི་ཁ་དོག་ལ་ལུས་ཁྲག་ལ་སྒྱུར་བཞིན་ཡོད་པ་དང་།མཐོང་བྱེད་མིག་ལ་གནས་ནས་གཟུགས་སོགས་མཐོང་བར་བྱེད་པ་དང་སྒྲུབ་བྱེད་སྙིང་ལ་གནས་ནས་ཡིད་གཞུང་བ་དང་ང་རྒྱལ།བློ་རྣོ་བ།འདོད་པ་ཅི་འདོད་ལྟར་སྒྲུབ་པའི་ལས་རྣམས་བྱེད་བཞིན་ཡོད་པ་དང་མདོག་གསལ་པགས་པ་ལ་གནས་ནས་པགས་མདོག་གསལ་བར་བྱེད་བཞིན་ཡོད་པ་དང་དེ་དག་ཀྱང་རང་རང་གི་གནས་ནས་ལངས་ཏེ་གནས་གཞན་བད་ཀན་དང་རླུང་གི་གནས་སུ་ཞུགས་པ་འམ་ཡང་ན་འཕེལ་ཟད་འཁྲུགས་གསུམ་གང་རུང་དུ་གྱུར་ཚེ་ཚེ་སྲོག་ལ་མྱུར་བར་རྒོལ་པ་དང་རླུང་དང་བད་ཀན་ལས་མཁྲིས་ནད་འབྱུང་བ་མང་བ་དང་ནད་སྣ་བད་ཀན་མང་ཞིང་ངོས་འཛིན་དཀའ་བ་དང་རྒྱས་སླ་བ།བཅོས་དཀའ་བ་སོགས་ཀྱི་དབང་གི་མཁྲིས་བའི་བར་དུ་བསྟན་པ་ཡིན་ལ།དེའི་རྒྱུ་ནི་མ་རིག་ཞེ་སྡང་ལས་སྐྱེད་པའི་ཐ་མལ་མཁྲིས་བའི་མཚན་ཉིད་བདུན་དང་ལྡན་པའི་ནད་གཞི་མཁྲིས་པ་དང་སྣོད་ཀྱི་མཁྲིས་པ་གཉིས་ལ་རྐྱེན་ཟས་སྐོམ་རོ་ཚ་སྐྱུར་དང་ལན་ཚྭ་བ་དང་ཤ་ཆང་བ་རུམ་ལ་སོགས་པའི་དྲོད་ལ་བཅུད་ཆེ་བའི་རིགས་བསྟེན་དྲགས་པ་དང་མ་ཞུ་བའི་ནད་དང་སྤྱོད་ལམ་དྲག་ལས་བྱས་པ་དང་ཉིན་གུང་ཚད་པ་ཆེ་བའི་དུས་སུ་ཉལ་བ།ཐག་རིང་པོར་རྒྱུགས་པ།མི་ཐེག་ཀྱང་བཙན་གྱིས་ཁུར་བ།ས་སྲ་མོ་བརྐོས་པ།འཛིང་ཀ་བཀྱེ་བ།རྟ་ཡིས་བརྡབས་པ།གཡང་ལ་ལྷུང་བ།ཐིབས་འོག་ཏུ་ཚུབ་པ།རྡོ་ལ་སོགས་ཀྱིས་བརྡུངས་པ།ཞེ་སྡང་སྐྱེས་བ།ལྷ་སྲུང་མ་བསྣོལ་བ་ལ་སོགས་པའི་དབང་གིས་རིགས་ཀྱི་མཁྲིས་ནད་བཅུ་གསུམ་དང་གནས་ཀྱི་བཅུ་དགུ།བྱེ་བྲག་མཁྲིས་ནད་བཅོ་ལྔ་བཅས་མཁྲིས་ནད་བཞི་ཅུ་རྩ་བདུན་འབྱུང་བར་བཤད་པ་ཡིན་ལ་དེ་དག་ཀྱང་མདོར་བསྡུས་ན་མཁྲིས་ནད་ཚ་བ་དང་གྲང་བ་གཉིས་སུ་བསྡུས་ནས་སྨན་བཅོས་ཀྱང་བསིལ་དྲོད་གཉིས་སུ་བྱ་བ་ནི་རང་རེའི་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་གསོ་བཅོས་ཁྱད་ཆོས་ཤིག་ཡིན་ནོ།།

བཞི་བ། བད་ཀན་བཤད་པ།

དེ་ཡང་བད་ཀན་ཞེས་འབྱུང་བ་ས་ཆུ་གཉིས་ཀྱིས་བསྐྱེད་ཟིན་པའི་ལུས་ཁམས་ཀྱི་བརླན་གཤེར་གྱི་ཆ་ཁྲག་ཆུ་སེར་དང་དྭངས་མ་སྣུམ་སོགས་དང་སྲ་མཁྲེགས་ཀྱི་ཆ་ཤ་རུས་པ་རྩ་ཆུས་རྒྱུས་ལ་སོགས་པ་ལ་བརྗོད་པ་ཡིན་ལ་དེ་ནི་དོན་ལྔའི་ནང་ཚན་མཁལ་མས་ཕྱིའི་འབྱུང་བ་ཆུའི་དྭངས་མ་སྡུད་ལེན་བྱས་བ་ལས་ནང་ལུས་ཁམས་ཀྱི་འབྱུང་བ་ཆུ་བྱུང་བ་དང་དོན་མཆེར་བས་ཕྱིའི་འབྱུང་བ་སའི་དྭངས་མ་སྡུད་ལེན་བྱས་ནས་ལུས་ཀྱི་འབྱུང་བ་ས་བྱུང་བ་ཞིག་ཡིན་ལ།དེ་ལྟ་བུའི་བད་ཀན་དེ་ལ་ཡང་རྣམ་པར་མ་གྱུར་དང་རྣམ་པར་གྱུར་བ་གཉིས་ལས་སྔ་མ་ནི་མ་རིག་པ་གཏི་མུག་གིས་སྐྱེད་པའི་ཐ་མལ་བའི་བད་ཀན་མཚན་ཉིད་བདུན་དང་ལྡན་པ་དེ་ཉིད་ཡིན་ཞིང་།དེ་ཉིད་གཙོ་བོ་ཀླད་པ་ལ་བརྟེན་ཞིང་ལུས་ཀྱི་སྟོད་སྨད་བར་གསུམ་གྱི་སྟོད་དང་བྱེ་བྲག་ཆ་ཤས་ལུས་ཀྱི་མཁལ་མ་དང་གློ་བ་བྲང་མགུལ་བ།དྭངས་མ་ཤ་ཚིལ་བཤང་བ་གཅིན་སོགས་སུ་གནས་བ་དང་།ཁྱད་པར་དུ་སྣ་ལྕེ་དང་མ་ཞུ་བའི་གནས་ཕོ་བ་བཅས་ལ་མང་བ་ཞིག་ཡིན།དེས་ལུས་དང་བློ་བརྟེན་པར་བྱེད་པ་དང་གཉིད་ཡོང་བར་བྱེད་པ།ཡན་ལག་གི་ཚིགས་རྣམས་ཕན་ཚུན་འབྲེལ་སྦྱོར་བྱེད་པ།ལུས་ཀྱི་རེག་བྱ་འཇམ་པར་བྱེད་པ།ལུས་ཀྱི་སྣུམ་ཚིལ་འཛིན་བྱེད་པ་ལ་སོགས་ཀྱི་ལས་དག་བྱེད་ཀྱི་ཡོད་པ་དང་དེ་ལའང་བད་ཀན་རྟེན་བྱེད་དང་མྱག་བྱེད།མྱོང་བྱེད།ཚིམ་བྱེད།འབྱོར་བྱེད་ལ་སོགས་པ་དབྱེ་བ་ལྔ་རུ་བཤད་པ་དང་དེ་དག་ཀྱང་རང་རང་གནས་མི་གཅིག་ལ་བྱ་བ་བྱེད་ཚུལ་ཡང་སོ་སོར་ཡིན་པ་རེད།ཁྱད་པར་དུ་བད་ཀན་རྟེན་བྱེད་དེ་བྲང་ལ་གནས་ནས་ལྷག་མ་བད་ཀན་མྱག་བྱེད་དང་མྱོང་བྱེད།ཚིམ་བྱེད།འབྱོར་བྱེད་ཀྱི་བཅས་རྟེན་དུ་བྱས་ནས་ཆུ་ཁམས་ཀྱི་ལས་མཐའ་དག་བྱེད་བཞིན་ཡོད་པ་དང་མྱག་བྱེད་ནི་མ་ཞུ་ཕོ་བ་སོགས་གནས་ནས་ཟས་སྐོམ་འཇུ་བ་དང་འདྲུལ་བའི་གྲོགས་བྱེད་པ་དང་།བད་ཀན་མྱོང་བྱེད་ལྕེ་ལ་གནས་ནས་རོ་ཚོར་བའི་ལས་བྱེད་བཞིན་ཡོད་པ་དང་བད་ཀན་ཚིམ་བྱེད་མགོར་གནས་ནས་དབང་བོ་ཚིམ་པར་བཞིན་ཡོད།དེ་དག་རང་གི་གནས་ལངས་ནས་གཞན་མཁྲིས་བ་དང་རླུང་གི་གནས་སུ་ཞུགས་པའམ་ཡང་འཕེལ་ཟད་འཁྲུགས་གསུམ་གང་རུང་གྱུར་ན་ནད་རྟགས་སྟོན་པ་དང་བད་ཀན་ནི་ནད་ཀུན་འབྱུང་ས་ཡིན་པ་དང་ནད་གཞི་ཡང་རླུང་དང་མཁྲིས་པ་ལས་ལྕི་ཞིང་གཉེན་པོའི་བཅོས་ཡུན་རིང་བ།སྲོག་ལ་རྒོལ་བར་དལ་བ།ནད་སྣའང་རླུང་དང་མཁྲིས་བ་ལས་ཉུང་བ་སོགས་ཀྱི་དབང་གིས་བད་ཀན་ཀྱི་ནད་བཅོས་ཚུལ་དེ་ཐ་མ་ལ་བཞག་པ་ཡིན།དེ་རྒྱུ་ནི་མ་རིག་པ་གཏི་མུག་ལས་སྐྱེད་པའི་ཐ་མལ་བའི་བད་ཀན་གྱི་མཚན་ཉིད་དྲུག་དང་ལྡན་པ་དེ་ལ་རྐྱེན་ཁ་ཟས་རོ་ཁ་བ་དང་མངར་བ་ནུས་བ་ལྕི་བསིལ་བསྟེན་དྲགས་པ་དང་སྤྱོད་ལམ་ཟས་ཀྱིས་ཕོ་བ་བགྲངས་རྗེས་དལ་འདུག་པ་དང་ཉིན་མོ་གཉིད་ལོག་པ།བརླན་སྟེང་དུ་ཡུན་རིང་པོར་ཉལ་བ།ཆུ་གྲང་མོར་ལ་ཞུགས་དྲགས་པ།ལུས་པོ་འཁྱགས་པ།རི་སྒོག་དང་རྗེན་ཟས་སྣ་ཚོགས་བཟའ་བར་དགའ་བ།མ་ཚོས་པའི་ཟས་དང་ཚིག་པོ་ཁེངས་པོ་ལ་སོགས་པ་ཡིས་བད་ཀན་གྱི་ནད་རྣམས་སྐྱེད་པར་བྱེད།དེ་ལྟ་བུའི་བད་ཀན་གྱི་ནད་དེ་ལའང་རིགས་ཀྱི་དབྱེ་བ་དྲུག་དང་གནས་ཀྱི་དབྱེ་བ་ཉི་ཤུ།བྱེ་བྲག་གི་དབྱེ་བ་བཅོ་ལྔ་བཅས་རང་རྒྱུད་ཀྱི་བད་ནད་ཞེ་གཅིག་དང་བད་ཀན་སེར་བོ་དང་སྨུག་པོ་སྟེ་གཞན་རྒྱུད་གཉིས་བཅས་སྡོམ་པའི་བད་ནད་བཞི་རྩ་གསུམ་སོགས་འབྱུང་བར་བཤད།མདོར་ན་བད་ཀན་གྱི་ནད་དེ་དག་ངོ་བོ་བསིལ་བའི་ཕྱིར་ཟས་སྤྱོད་སྨན་དཔྱད་རྣམ་བཞི་དྲོད་དུ་དཀྲུགས་ནས་བཅོས་དགོས་པ་དང་བད་ཀན་གྱི་ནད་དེ་ས་དང་འདྲ་བར་གཉེན་པོའི་ཁ་ན་ལྕི་བ་སྟེ་གསོས་དཀའ་བའི་དབང་གི་ལོ་དང་ཟླ་བར་བསྟུན་ནས་སྨན་བཅོས་བྱེད་དགོས་པའི་ནད་རིགས་ཤིག་ཀྱང་ཡིན་ལ་དེ་ཉིད་དང་པོ་ཕོ་བའི་མེ་དྲོད་ཉམས་པ་ལས་བྱུང་བའི་དབང་གིས་སེ་འབྲུ་ལྔ་བ་དང་སེ་འབྲུ་དྭངས་གནས་ལ་སོགས་པའི་མེ་དྲོད་གསོ་བའི་སྨན་རྣམས་བསྟེན་རྒྱུ་ཡང་ཤིན་ཏུ་གལ་ཆེ་བ་ཡིན།གཞན་དགོས་འདོད་ཀུན་འབྱུང་དུ་བད་ཀན་གྱི་ནད་བརྒྱ་རྩ་གཅིག་གསུངས་ཡོད་པས་འདིར་མང་བར་དོགས་ནས་བཤད་མ་ནུས་སོ།།

ལྔ་བ། མདོར་བསྡུས་ནས་བཤད་པ།

དེ་ལྟར་རླུང་ནི་ནད་ཀྱི་རྒྱུ་དང་མཁྲིས་པ་ནི་ནད་ཀྱི་དུག་བད་ཀན་ནི་ནད་ཀྱི་ཨ་མ་ལྟ་བུ་ཡིན་པས་འདི་གསུམ་ལ་མ་ཁྱབ་པའམ་མ་འདུས་པའི་ནད་གཞན་ཞིག་ནི་མེད་ལ།དཔེར་ན་འདབ་ཆགས་བྱ་ནི་ག་རུ་འཕུར་ཡང་འགྲོ་ས་ནི་ནམ་མཁའི་མཐོངས་ལས་མེད་པ་དང་ནད་རིགས་ཧ་ཅང་མང་ནའང་རླུང་མཁྲིས་བད་གསུམ་དུ་མ་འདུ་བའམ་འདི་གསུམ་ལས་མ་གྱེས་པའི་ནད་རིགས་ནད་རིགས་ཞིག་སྔོན་ནས་མེད་བྱུང་མེད་ལ་ཕྱིས་སུའང་མི་འབྱུང་བ་ཡིན།རླུང་མཁྲིས་བད་གསུམ་ཐ་མལ་དུ་གནས་པ་དང་གནས་ལས་ལྡང་བ།འཕེལ་ཟད་འཁྲུགས་པ་ལ་སོགས་པ་ཞིབ་ཕྲ་ཤེས་ན་ནད་རིགས་བཅོས་པ་ལ་ཐོག་མེད་ཅིང་དེ་གསུམ་གསལ་བོ་མ་ཤེས་ན་ནད་བཅོས་མི་ཤེས་པ་དང་དེ་མ་ཤེས་ཚེ་བོད་ལུགས་གསོ་རི་གི་ཞབས་འདྲེན་ཉིད་ལས་མ་འདས།དེ་བས་དེ་གསུམ་ཡག་པོ་ཞིག་སྦྱང་རྒྱུ་ནི་ཤིན་དུ་གལ་ཆེའོ།།

བཙན་པོ་དྲ་བ་ལས།

Author: PHOENIX
Category: