བོད་མི་ཚོས་མྱུར་དུ་མཐོར་མདེགས་གཏོང་དགོས་པའི་འདུ་ཤེས་གསུམ།

Monday, June 6, 2016


གཅིག འཕྲོད་བསྟེན་གྱི་འདུ་ཤེས།

ང་ཚོ་གྲོང་ཁྱེར་སོགས་ས་གནས་གཞན་པ་འགྲིམ་སྐབས་རང་ཉིད་མཐོ་སྒང་དུ་སྡོད་པ་ནང་བཞིན་གྱི་གོས་གྱོན་ནས་སོང་ན་གཞན་གྱིས་མཐོང་ཆུང་དང་ཐ་ན་སྐྱུར་མེར་བ་བྱས་ནས་ཁ་སྣ་འགེབས་པའང་ཡོད། དེ་ལ་འགའ་ཞིག་མཐོང་ཆུང་བྱེད་སྙམ་ནས་ཁོང་ཁྲོ་ལང་མོད། སྐྱོན་འདིའི་རྩ་བ་རང་སྟེང་ན་ཡོད། མཐོ་སྒང་ན་འཚོ་བའི་མིར་ཁོར་ཡུག་གི་དབང་གིས་འཕྲོད་བསྟེན་ལ་བླ་ལྷག་གིས་དང་དོད་བྱེད་ཁག་པ་ཡིན་མོད། འོས་མཐུན་གྱི་གཙང་སྦྲ་བྱེད་ཆོག་པ་ཡོད། གཙོ་བོ་མིའི་འདུ་ཤེས་ལ་རག་ལས་ཡོད། བོད་པ་ལ་ལས་བོད་ཡིན་ན་བཙོག་དགོས་པ་ལྟ་བུའམ་བཙོག་ཆོག་པ་ལྟ་བུར་འདོད་ཡོད། དེ་ནི་ནོར་འཁྲུལ་གྱི་བསམ་བློ་ཞིག་རེད། དེ་ལ་བརྟེན་ནས་སྒྱིད་ལུག་གི་གཤིས་ཀ་ཞིག་རྒྱ་ཡན་དུ་བཏང་ཡོད། ང་ཚོའི་མི་རིགས་འདི་ལ་སྒྱིད་ལུག་གི་སྤྱི་གཤིས་ཤིག་ཆགས་ཡོད།དེ་རིམ་གྱིས་བརྒྱུད་ནས་དེང་གི་ན་གཞོན་མང་པོ་ཞིག་ནམ་རྒྱུན་རྟ་རྒྱུགས་རྒྱལ་འཇོག་དང་རྩེད་སྤྲོ་འཁྱམ་གསུམ་ལས་ཐོན་སྐྱེད་འཚོ་བར་འཇུག་མི་སྤྲོ་བ་ཆགས་ཡོད།


འཕྲོད་བསྟེན་ལ་མི་དགའ་བས་ཅི་ཞིག་མཚོན་ཞེ་ན། དེས་གདོད་མ་དང་ཀླ་ཀློ་མཚོན། དེ་ནི་འགྱུར་མེད་ཀྱི་བརྡ་རྟགས་ཤིག་དང་འདྲ་བར་ཁྱོད་ཀྱི་ནང་སེམས་ཀྱི་རྟོགས་པ་ཅི་འདྲ་མཐོ་རུང་གཞན་གྱིས་ཁྱོད་རང་མཐོང་མ་ཐག་ཧ་ཅང་རྗེས་ལུས་ཡིན་པར་འདོད། རང་ཉིད་ཀྱང་གཞན་གྱི་སྔུན་ནས་ངོ་ཚ་བ་དང་ཉམ་ཆུང་བའི་སྣང་བ་སྐྱེ་བས། མ་མཐའ་ཡང་རང་ཁྱིམ་དང་བྲལ་ནས་འགྲོ་སྐབས་གཞན་གྱི་མིག་ལ་རན་པ་ཞིག་བྱེད་དགོས། ང་ཚོས་བོད་པའི་མི་སེར་དཀྱུས་མའི་སྤྱི་ཚོགས་སུ་འཕྲོད་བསྟེན་གྱི་སློབ་གསོ་རྒྱུན་པར་གཏོང་དགོས་ཤིང་། གཙོ་ཆེར་གཞུང་སྒེར་གཉིས་ཆ་ནས་འཕྲོད་བསྟེན་གྱི་སྒྲིག་ཆས་འཛོམས་པ་བྱས་ནས། ཁོ་ཚོའི་འཕྲོད་བསྟེན་གྱི་འདུ་ཤེས་མྱུར་དུ་མཐོར་མདེགས་གཏང་དགོས།

གཉིས། རིག་གནས་ཀྱི་འདུ་ཤེས།

འདི་རིག་གནས་སློབ་གསོ་ལ་གོ་དགོས་པ་ཡིན་ཞིང་། གཙོ་ཆེར་དེའི་གལ་ཆེན་རང་བཞིན་ངོས་ཟིན་རྒྱུ་དང་ཧུར་ཐག་གིས་རིག་གནས་སློབ་སྦྱོང་ལ་འཇུག་དགོས་པ་སྟོན། རིག་གནས་ནི་དེང་གི་སྤྱི་ཚོགས་འདིར་འཚམས་པའི་མི་ཞིག་བྱེད་པའི་རྨང་གཞི་ལྟ་བུ་ཡིན། རིག་གནས་མེད་པ་ནི་དངོས་ནས་འཇིགས་ཡེར་བ་རང་ཡིན། རེད་དེ། ང་ཚོར་ད་དུང་ཡང་ཡིག་རྨོངས་བ་མུ་མཐུད་དུ་འབྱུང་བཞིན་པ་དང་། སློབ་ཆུང་ཙམ་འགྲིམས་པའི་མི་མང་པོ་སླར་ཡིག་རྨོངས་བར་འགྱུར་གྱིན་ཡོད། དེ་ཡང་འདུ་ཤེས་ལ་རག་ལས་པ་སྟེ། གཅིག་ཏུ་ང་ཚོས་ད་དུང་ཡང་རིག་གནས་སློབ་གསོའི་གལ་ཆེན་རང་བཞིན་ངོས་མི་ཟིན་པ་དང་། གཉིས་སུ་ང་ཚོར་མི་རིགས་དང་རྒྱལ་ཁབ་གཞན་ལྟ་བུར་རིག་གནས་ལ་སྦྱོང་བའི་རང་རྟོགས་དང་ཆོད་སེམས་བརྟན་པོ་མེད་པ་རེད། ང་ཚོས་བྱིས་པ་ཚོར་རིག་གནས་སློབ་གསོ་ལེགས་པོ་ཞིག་མ་ཐོབ་གོང་བྱ་བ་གཞན་ཞིག་ལ་ཞུགས་སུ་འཇུག་ཅིང་། མཐར་མི་ཚེ་ཞིག་ཕྱི་འགྱོད་དང་ཕམ་ཁའི་ཁྲོད་སྐྱེལ་དགོས། ང་ཚོས་ཆོས་བྱེད་པ་ལའང་རིག་གནས་ལེགས་པོ་དགོས་ཤིང་དེ་མེད་ན་ཆོས་ཀྱི་གོ་རྟོགས་སྐྱེ་དཀའ། ད་ཚོད་ནི་ང་ཚོས་རང་གི་རིག་གནས་ལ་སྦྱོང་བ་དང་རང་ཉིད་འཕེལ་རྒྱས་གཏོང་བའི་གོ་སྐབས་ལེགས་ཤོས་ཡིན་པས། ཕྱི་རྐྱེན་ནང་རྐྱེན་གྱི་ཡུས་མང་པོ་བགྲངས་ནས་མི་སྡོད་པར་རང་སོ་སོའི་རིག་གནས་ཀྱི་སྤུས་ཚད་མཐོར་མདེགས་གཏོང་བ་གལ་ཆེན་པོ་རེད། ང་ཚོའི་དགེ་ལས་ཀྱི་ཚོགས་པ་གང་ཡིན་རུང་འཕྲོད་བསྟེན་དང་སློབ་གསོ་རྩ་བར་འཛིན་རྒྱུ་གལ་ཆེ། རིག་གནས་ཀྱི་འདུ་ཤེས་མཐོར་འདེགས་གཏོང་བ་ལ། གཅིག་ཏུ་ངེས་པར་དུ་བྱིས་པ་ཚོ་སློབ་གྲྭར་གཏོང་དགོས་པ་དང་སློབ་ཆེན་མཐར་ཕྱིན་དགོས་པ། གཉིས་སུ་མང་ཚོགས་ཁྲོད་ཡིག་རྨོངས་སེལ་བའི་ལས་དོན་རྒྱ་ཁྱབ་ཏུ་སྤེལ་བ། གསུམ་ནས་མི་རེ་རེ་རིག་གནས་ལ་དགའ་བ་དང་རིག་གནས་སློབ་པ། དཔེ་
ཆ་ཀློག་པ་སོགས་ཀྱི་རིག་གནས་ཀྱི་གོམས་སྲོལ་ལེགས་པོ་ཆགས་དགོས།

གསུམ། ཁྲིམས་ལུགས་འདུ་ཤེས།

ལྟོས་བཅས་སུ་བཤད་ན་བོད་པ་ཚོ་ནི་དགེ་བ་བཅུའི་རྣམ་བཞག་སོགས་བརྩི་སྲུང་བྱེད་པས་ན་ཁྲིམས་འགལ་གྱི་ལས་བྱེད་པ་ཅུང་ཉུང་བར་འདོད་ཅིང་། ཁྲིམས་ལ་བརྟེན་ནས་ཐག་གཅོད་དགོས་པའི་སྐབས་ཉུང་རྐྱེན། ཁྲིམས་ཀྱི་འདུ་ཤེས་དམན་པ་ཡིན། དེ་བས་ཁྲིམས་མཐུན་གྱི་ཁེ་དབང་མང་པོ་ཞིག་རང་ངོས་ནས་བརྩོན་ལེན་བྱེད་མི་ཤེས་པ་དང་ཁྲིམས་ལ་བརྟེན་ནས་རང་གི་ཁེ་དབང་སྲུང་སྐྱོབ་ཀྱང་ཤེས་ཀྱིན་མེད། མི་སེར་དཀྱུས་མའི་ངོར་ཁྲིམས་ནི་འཇིགས་སུ་རུང་བ་ཡིན་ཞིང་དེའི་དབང་ཆ་བླ་ན་མེད། ཁོ་ཚོས་ཁྲིམས་ནི་མི་རྣམས་སྡོམ་བྱེད་ཅིག་ལས་སྲུང་བྱེད་ཅིག་ཡིན་པ་རྟོགས་མེད། དེང་གི་སྤྱི་ཚོགས་སུ་མི་སོ་སོས་ཁྲིམས་ལ་ཁུང་གཏུགས་ནས་སྐད་ཆ་བཤད་ཤེས་རྒྱུ་གལ་ཆེན་པོ་རེད། ཁྲིམས་ནི་གནས་ལུགས་བཙན་ཤོས་དེ་ཡིན། ཁྲིམས་ནང་ཇི་ལྟར་གཏན་ལ་ཕབ་པ་དེ་བཞིན་རྟོགས་པ་དང་བེད་སྤྱོད་ཤེས་ཚེ་ད་བཟོད་ཁྱོད་ཀྱི་ཁེ་དབང་ལ་དོ་ཁུར་ཡོང་། ཁྲིམས་དང་མཐུན་མིན་གང་ལྟར་ཡང་མི་ཚོའི་ངག་ལ་ཁྲིམས་ཞེས་པ་འདི་ཟློ་བཞིན་བྱ་བ་བྱེད་པས། འདི་ལྟ་བུའི་ཁོར་ཡུག་ཏུ་ཁྲིམས་ཀྱི་འདུ་ཤེས་མཐོར་འདེགས་གཏོང་རྒྱུ་གལ་ཆེན་ཆགས་ཡོད། ཁྲིམས་ལུགས་འདུ་ཤེས་བསྐྱེད་པ་ལ་གཅིག་ཏུ་མི་སེར་ཁྲོད་རྩ་ཁྲིམས་དང་རྨང་གཞིའི་བཅའ་ཁྲིམས་ཁག་ཁྱབ་སྒྲོག་བྱེད་པ་དང་། གཉིས་སུ་མི་རང་ངོས་ནས་ཁྲིམས་ལ་སྦྱོང་བ། གསུམ་ནས་འཚོ་བ་དངོས་ཀྱི་ཁྲོད་བྱུང་བའི་གནད་དོན་ཁྲིམས་ལ་བརྟེན་ནས་ཐག་གཅོད་བྱེད་པའོ།།

གོང་དུ་གླེང་བའི་བོད་མི་ཚོས་མྱུར་དུ་མཐོར་འདེགས་གཏོང་དགོས་པའི་འདུ་ཤེས་གསུམ་ནི་བོད་མིའི་སྤུས་ཚད་མཐོར་འདེགས་བྱེད་པའི་མ་རྩ་དང་རྨང་གཞི་ལྟ་བུ་ཡིན། ད་སྐབས་བོད་པའི་སྤྱི་ཚོགས་ནི་ལྟོས་བཅས་སུ་རྗེས་ལུས་ཐེབས་ཡོང་ཅིང་། དཔྱོད་ལྡན་མང་པོ་ཞིག་དེ་ལ་བློ་ཚབས་སྐྱེ་བཞིན་ཡོད། ལྷག་བསམ་ཅན་མང་པོ་ཞིག་གིས་ཕྱོགས་སྒོ་མོ་ནས་གནས་བབས་འདི་འདྲ་ལ་རྩ་བའི་ཆ་ནས་ལེགས་བསྒྱུར་ཡོང་རྒྱུར་བརྩོན་དང་བརྩོན་མུས་སུ་མཆིས། དེ་ལྟར་ན་ང་ཚོས་དམིགས་ཡུལ་དང་རྐང་འཛུགས་ས་མ་བོར་བའི་ངང་དུ་ལས་ཀ་བྱེད་རྒྱུ་གལ་ཆེན་པོ་ཡིན་པས། འདིར་རང་གི་དྲན་ཚུལ་ཙམ་ཞིག་བཀོད་པ་ལགས་སོ།།

Author: PHOENIX
Category: