བོད་ཀྱི་རྩོམ་པ་པོ་དག་མི་སྒེར་རིང་ལུགས་ལ་དགའ་དོན།

Monday, June 6, 2016


ཉེ་བའི་ལོ་ཤས་རིང་ནས་རང་རེ་དག་གིས་ཡོངས་ཁྱབ་རིན་ཐང་གླེང་མགོ་བརྩམས་ཤིང་།དེ་ཉིད་གླེང་བར་བརྟེན་ནས་བོད་མི་དག་གིས་ཀྱང་རང་ཉིད་ཀྱི་འདོད་བློ་གང་ཞིག་མངོན་འགྱུར་ཡོང་པར་རང་དབང་དང་དམངས་གཙོ་ཟེར་བའི་”གཞུང་ལུགས་”ཤིག་རྒྱབ་རྟེན་དུ་ཡོད་པའི་གོ་རྟོགས་སད།མི་རིགས་དང་མི་སྒེར་གྱི་ཐོབ་ཐང་ཟེར་བ་ཞིག་ཡོད་པ་ཧ་གོ དོན་རྟོགས་པ་རེད།དེ་ནི་དགའ་འོས་པ་དང་སྤྲོ་འོས་པའི་དོན་དག་ཅིག་ཅི་ལ་མིན་ཏེ།རང་རེ་དག་གིས་ཀྱང་ཁྲིམས་ཀྱི་”མདའ་”དང་མདུང་”བཟུང་ནས་གཡུལ་ལ་ཞུགས་ཆོག་པ་རེད།དཔལ་ཡོན་དང་དུས་རབས་ཀྱི་འགྲོ་ཕྱོགས་ལ་མཐུན་པའི་རང་གི་འདོད་བློ་གང་ཞིག་མངོན་གྱུར་ལ་སྟ་གོན་བྱས་ཆོག་པ་རེད།དེ་ཡང་སྐད་ཆ་མདོར་དེད་ནས་བཤད་ན།འུ་ཚོས་གོ་རྟོགས་ཡོད་པའི་སྒང་ནས་རང་ཉིད་ཀྱི་ཐོབ་ཐང་དང་ཁེ་དབང་གང་ཞིག་ལོངས་སུ་སྤྱོད་ཆོག་པ་ཡིན།


རང་རེའི་སྤྱི་ཚོགས་སུ་ཡོངས་ཁྱབ་རིན་ཐང་དང་རང་དབང་དམངས་གཙོའི་གླེང་གཞི་ཚུགས་པ་ནས་མི་རིགས་རིང་ལུགས་དང་མི་སྒེར་རིང་ལུགས་ཟེར་བའི་རྩོད་གཞི་མི་འདྲ་བ་གཉིས་བྱུང་།མ་ཟད།ཐིག་བརྒྱད་ལོའི་ཆབ་སྲིད་བཙོན་པ་སྐོར་ཞིག་སྒོར་བུད་པ་ནས་རྩོད་གཞི་དེ་གཉིས་སྔར་ལས་ཀྱང་རྩོད་གཞི་ཅན་དང་།ཐ་ན་སོ་སོའི་ལངས་ཕྱོགས་གང་ལ་ཨུ་ཚུགས་ཀྱིས་བསྒྲུབ་བྱེད་འགོད་པའི་ཚད་དུ་ཡང་བསླེབས།ཡིན་ཡང་།རྩོད་གཞི་དེ་གཉིས་བརྩད་ཀྱིན་བརྩད་ཀྱིན་ཕྱོགས་གཉི་ག་དྲང་ཕྱོགས་ལ་འབུད་མ་ཐུབ་པར།སོ་སོའི་ཆགས་སྡང་གི་དབང་དུ་གྱུར་ནས་ཐལ་མཐར་ལྷུང་པ་སྟེ།མི་རིགས་རིང་ལུགས་གླེང་ན་མི་སྒེར་གྱི་རང་དབང་དང་རྩིས་ཐང་།ཐོབ་ཐང་སོགས་རྡོག་རོལ་དུ་གཏོང་ཆོག་པ་དང་དེ་ལ་སྣང་ཆུང་བྱེད་ཆོག་པ་ལྟ་བུར་གྱུར།མི་སྒེར་རིང་ལུགས་གླེང་ན་མི་རིགས་ཀྱི་གནས་བབ་དང་མི་རིགས་ལ་འབྲེལ་ཡོད་ཀྱི་དོན་དག་སྣ་གཅིག་ལ་ཡང་ཁ་ཡ་བྱེད་མི་དགོས་པར་རང་སྣང་གང་དྲན་ནམ་རང་ཉིད་ཁོ་ནའི་འཚོ་བ་འགྲུབ་སོང་ན་དེས་ཆོག་པའི་ལྟ་ཚུལ་བྱུང་པ་རེད།དེ་བས།རྩོད་པ་དེ་གཉིས་བརྩད་ཀྱིན་བརྩད་ཀྱིན་མི་སྒེར་དང་མི་རིགས་གཉིས་ནི་འབྲེལ་མེད་དོན་གཞན་ལྟ་བུ་སྟེ་གཅིག་བདམས་ན་གཅིག་ངེས་པར་རྨང་ནས་འདོར་དགོས་པ་ཞིག་ཏུ་གྱུར།འོན་ཏེ།འུ་ཚོས་ཤེས་ཀྱང་མཉམ་མ་བཞག་པའི་དོན་དག་ཅིག་ཡོད་པ་ནི།མི་སྒེར་ལ་མ་བརྟེན་པའི་མི་རིགས་ཤིག་འཇོག་ཏུ་མེད་པ་དང་།མི་རིགས་དང་ཚོགས་སྤྱི་ལ་མ་བརྟེན་པའི་མི་སྒེར་ཞིག་འབྱུང་དུ་མེད་པ་དེ་རེད།

ཡིན་ཡང་།དེ་རིང་འདིར་དེ་གཉིས་གླེང་སྟེ་གཤིབ་བསྡུར་གྱིས་དགེ་སྐྱོན་གླེང་རྒྱུ་མིན་ལ།སྤྱིར་ན་འུ་ཚོའི་གནས་བབ་འདིའི་འོག་ཏུ་མི་རིགས་རིང་ལུགས་པ་ནི་ཁོ་དང་མི་སྒེར་རིང་ལུགས་པ་ནི་གན་ཞེས་ཏེ་ཕན་ཚུན་མ་འདྲེས་པའི་མཚན་གཞི་གསལ་བོར་ཞིག་འཇོག་རྒྱུ་མེད་པ་འདྲ།མ་མཐར་ཡང་རང་ཉིད་ལ་མཚོན་ན་ནི་སྐབས་དང་སྐབས་སུ་མི་རིགས་རིང་ལུགས་པ་ལྟ་བུ་ཞིག་དང་མཚམས་རེར་མི་སྒེར་རིང་ལུགས་པ་ལྟ་བུ་ཞིག་ཏུ་འགྱུར་གྱིན་འདུག དེ་བས།འདིར་རང་རེའི་བོད་པ་མང་པོ་ཞིག་གམ་ཡི་གེ་པ་སྐོར་ཞིག་གིས་མི་སྒེར་རིང་ལུགས་འདེམས་དོན་དང་དེ་ལ་དགའ་དོན་སྐོར་ནི་འདིར་བཤད་ཆོག་པ་ཡིན་པས།དེ་སྐོར་རང་གི་དྲན་འཆར་ཉུང་བསྡུས་ཤིག་འོག་ཏུ་བྲིའོ།།

གཅིག་ཏུ་འུ་ཚོའི་ཡི་གེ་པ་སྐོར་ཞིག་མི་སྒེར་རིང་ལུགས་པར་དགའ་དོན་ནི།གོང་ནས་བཤད་པ་བཞིན་ཏེ་འུ་ཚོས་དེ་གཉིས་ལས་གཅིག་བདམས་ཚེ་གཅིག་རྨང་ནས་འདོར་དགོས་པའི་ཐལ་མཐའི་ལྟ་ཚུལ་བྱུང་པ་དེ་རེད།དེ་བས།ལྟ་ཚུལ་གང་མ་དག་རྒྱུན་འབྱམས་ལྟ་བུར་གྱུར་པས།མི་མང་པོ་ཞིག་གི་སེམས་སུ་མི་སྒེར་རིང་ལུགས་པ་བྱས་ན་སྤྱི་ཚོགས་ཀྱི་འགན་འཁྲི་གང་ཡང་མེད་པས་རང་སྣང་གང་དྲན་བྱས་ཆོག་པས།རང་ཉིད་ཁོ་ན་བདེ་འདོད་ཀྱི་བློ་དེས་མི་སྒེར་རིང་ལུགས་བདམས་སུ་བཅུག་པ་རེད།གཉིས་སུ་འུ་ཚོའི་གནས་བབ་འདིའི་འོག་ཏུ་མི་རིགས་རིང་ལུགས་པ་བཅའ་རྒྱུ་ནི་ལས་སླ་མོ་མིན་ཏེ།ཁྱོད་ཀྱིས་མི་རིགས་རིང་ལུགས་པ་ཞིག་བཅས་ཚེ།ཁྱོད་ལ་ཕལ་ཆེར་གདམ་ཀ་གཅིག་ལས་མེད་པ་སྟེ།དེ་ནི་མུན་ནག་གི་བཙོན་ལ་འགྲོ་པ་དང་།རྡུང་པ་དང་གཅར་པ་སོགས་ཀྱི་དཀའ་སྡུག་མྱང་དགོས་པ་དེ་རེད།དེ་བས།ཡི་གེ་པ་མང་པོ་ཞིག་གིས་སྡུག་གང་དག་མྱང་མ་སྤོབས་པའམ་དེ་མྱང་མ་འདོད་པས་མི་སྒེར་རིང་ལུགས་བདམས་པ་དེའོ།།དེས་ན།འུ་ཚོས་གོང་གི་གནད་དོན་དེ་གཉིས་ལས་མཐོང་ཐུབ་པ་ནི་རང་རེའི་མི་སྒེར་རིང་ལུགས་པ་དག་ནི་”བྲོས་བྱོལ་བར”གྱུར་ཡོད་པ་དེ་རེད།

འགའ་ཞིག་གིས་རང་ཉིད་མི་སྒེར་རིང་ལུགས་པའི་ཕྱོགས་སུ་ལངས་ན་ཡང་།མི་རིགས་ཀྱི་བརྩེ་བ་འདོར་བའི་ལས་སྤེལ་མ་ཐུབ་པའམ་རང་ཉིད་ཀྱི་ངོ་སོ་སྲུང་ཕྱིར་དུ་རྒྱུ་མཚན་འདི་འདྲ་ཡང་འདྲེན་སྲིད་དེ།མི་རིགས་ལ་དགའ་བ་ནི་ལྷན་སྐྱེས་ཀྱི་དོན་དག་ཅིག་ཡིན་པ་སྟེ།རང་ཉིད་ཕ་མ་ལ་དགའ་བའི་བརྩེ་བ་འདོར་དུ་མེད་པ་བཞིན།མི་རིགས་ཀྱི་བརྩེ་བ་ནི་མངོན་མ་མངོན་ཙམ་ལས་གཤིས་རྒྱུད་དུ་གྲུབ་ཚར་པས།དེ་ནི་སུས་ཀྱང་འདོར་བར་མི་བྱ་ཟེར་མོད།བརྒྱ་ལ་མི་རིགས་ཀྱི་བརྩེ་བ་ཟེར་བ་དེ་ཕ་མར་བརྩེ་བ་ལྟ་བུ་ཞིག་ཡིན་དུ་ཆུགས་ཀྱང་།ལྷན་སྐྱེས་ཀྱི་བརྩེ་བ་དེ་ཡང་རྨང་ནས་འདོར་མི་ཐུབ་པ་ནི་བཤད་ཁག་སྟེ།ཁྱོད་ཀྱིས་རྟག་པར་མི་སྒེར་ཁོ་ནའི་དོན་དག་ལས་ཁ་ཡ་མ་བྱ་པའི་བྱེད་སྟངས་དེ་ལ་གོམས་པར་གྱུར་ཚེ།ནམ་ཞིག་བརྩེ་བ་གང་རྨང་ནས་འདོར་འགྲོ་པ་ཡིན།དེ་ནི་བོད་ཀྱི་བྱིས་པ་ཞིག་རྒྱའི་ཁོར་ཡུག་དང་རྒྱའི་མི་ཚེའི་ལྟ་ཚུལ།རིན་ཐང་ལྟ་བ་སོགས་ཀྱིས་ནར་སོན་དུ་བཅུག་ཚེ།རྗེས་མར་ཤ་ཁྲག་བོད་པ་ཡིན་པའི་བྱིས་པ་དེས་རང་གི་ཕ་མ་གཉིས་ཚེ་སྨད་ལ་<>དུ་བསྐྱལ་ངེས་པ་དེའོ།། ལྷག་པར་མི་སྒེར་རིང་ལུགས་པ་དག་གིས་ནི་གནད་འགག་གི་སྐབས་སུ་མི་རིགས་ལ་ཞབས་འདྲེན་བྱ་ཡང་སྲིད་ལ།ཁོ་ཚོས་ཁོ་ཚོའི་བྱ་སྤྱོད་དེ་རིགས་ལ་གནས་ལུགས་ཀྱང་འདྲེན་སྲིད་པ་ཡིན།མ་ཟད།མི་རིགས་ཀྱི་ལས་དོན་ལ་བར་ཆད་བྱས་ནས་རང་གི་འཚོ་བ་ཡང་རོལ་སྲིད་དེ།ཁོ་ཚོར་མི་རིགས་ཀྱི་འགན་འཁྲི་ཟེར་བ་གང་ཡང་མེད་པས་སོ།།དེ་བས།མི་རིགས་ཤིག་གནས་མིན་དང་།དེའི་གནས་བབ་སྐྱོ་བོ་ཡིན་པའི་སྐབས་སུ་ཐལ་མཐའི་མི་སྒེར་རིང་ལུགས་པ་དེ་ཚོ་ནི་མི་རིགས་གང་མེད་པར་བཟོ་བའི་ལྷན་ཅིག་བྱེད་རྐྱེན་དུ་འགྲོ་ཉེན་ཧ་ཅང་ཆེ་བ་ཡིན་ནོ།།

བཙན་པོ་དྲ་བ་ལས།